Tuesday, October 17, 2017

༄༅༅།།བྱིན་རླབས་མཆོག་སྩོལ་རྩ་རྒྱུད་བླ་མ་དང།།

༄༅༅།།བྱིན་རླབས་མཆོག་སྩོལ་རྩ་རྒྱུད་བླ་མ་དང།།
དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ།།
བར་གཅོད་ཀུན་སེལ་མཁའ་འགྲོ་ཆོས་བསྲུང་ལ།།
སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།།
དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་པའི་ཚོགས།།
ནམ་མཁའ་ཁྱབ་སྲིད་ཡོངས་སུ་བཀང་སྟེ་འབུལ།།
ཐོག་མེད་ནས་བསགས་སྡིག་ལྟུང་བཤགས་ཞིང་སྡོམ།།
སྐྱེ་འཕགས་ཇི་སྙེད་དགེ་ལ་རྗེས་ཡི་རངས།།
ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ།།
འཁོར་མཐའ་སྲིད་དུ་བརྟན་ཞུགས་གསོལ་བ་འདེབས།།
འདིས་མཚོན་མ་ལུས་དགེ་བའི་ཕུང་པོ་རྣམས།།
དུས་གསུམ་སྲས་བཅས་རྒྱལ་བས་ཡོངས་སྨོན་བཞིན།།
འགྲོ་ཀུན་མ་རིག་མུན་པ་ཀུན་བསང་སྟེ།།
ཀུན་མཁྱེན་ཡེ་ཤེས་སྣང་བ་རྒྱས་ཕྱིར་སྔོ།།
ཆེར་སྙིགས་མུན་ཆེན་ལྷག་པར་གདིབ་པ་ཡི།།
བདག་ཅག་དུས་ངན་འགྲོ་ལ་ཐུགས་རྗེས་སྐྱོབ།།
ལས་ངན་ཉོན་མོངས་འབྲས་བུ་དུས་སྨིན་པའི།།
སྣ་ཚོགས་སྡུག་བསྔལ་མེ་ཆེན་ཀུན་ཞི་ནས།།
ཕན་ཚུན་འཁོན་བྲལ་བྱམས་བརྩེས་ཡིད་མཐུན་པའི།།
བདེ་ལེགས་ཕུན་ཚོགས་རྒྱས་པར་མཛད་དུ་གསོལ།།
སྐྱོབ་ཤིག་སྐྱོབ་ཤིག་བསླུ་བ་མེད་པའི་མགོན།།
གཟིགས་ཤིག་གཟིགས་ཤིག་ཚད་མེད་ཐུགས་རྗེའི་གཏེར།།
མ་གཡེལ་མ་གཡེལ་སྔོན་གྱི་ཐུགས་དམ་གཉན།།
དགོངས་ཞིང་དགོངས་ཏེ་མྱུར་བ་ཉིད་དུ་སྐྱོབ།།
རྒྱལ་བསྟན་ཉི་འོད་ཕྱོགས་བཅུར་རྒྱས་པ་དང།།
འགྲོ་ཀུན་བདེ་སྐྱིད་དཔལ་ལ་རྟག་སྤྱོད་ཅིང།།
སྒྲིབ་བྱང་ཚོགས་རྫོགས་ཀུན་མཁྱེན་གོ་འཕན་ལ།།
མྱུར་ཞིང་མྱུར་བ་ཉིད་དུ་རིག་གྱུར་ཅིག།།
བླ་མ་མཆོག་གསུམ་བདེན་པའི་བྱིན་རླབས་དང།།
ཆོས་དབྱིངས་འགྱུར་མེད་བདེན་འབྲེལ་བསླུ་མེད་མཐུ།།
བདག་སོགས་མོས་པ་ཆོས་བསྲུང་འཕྲིན་ལས་ཀྱིས།།
རེ་འབྲས་མཐའ་དག་ཡིད་བཞིན་འགྲུབ་པར་ཤོག།།
སྐྱབས་ཀུན་འདུས་པ་བླ་མའི་བྱིན་རླབས་ཀྱིས།།
གནས་སྐབས་མཐར་ཐུག་རྒུད་པ་ཀུན་ཞི་ནས།།
སྲིད་དང་ཞི་བའི་ལེགས་ཚོགས་ལྷུན་གྲུབ་པའི།།
ཕུན་ཚོགས་དཔལ་ལ་རོལ་པའི་བཀྲ་ཤིས་ཤོག།།

No comments:

Post a Comment